ང་ཚོའི་བྲང་ཁོག་གསེར་གྱི་གཞོང་བ་ན།།
དགག་སྒྲའི་འཚེ་བ་གཏན་དུ་ཞི་གྱུར་ཅིག།
དགག་སྒྲས་དག་པའི་ཤར་ལྷོ་ནུབ་བྱང་ནས།།
དབུས་ཀྱི་ནམ་མཁའ་ཉིལ་ཉིལ་འབབ་པར་ཤོག།
ང་ཚོའི་སྨོན་འདུན་ཆུ་དྭངས་ཕོར་གང་ལ།།
ཐོག་དང་གློག་དང་སེར་བས་སྲུང་གྱུར་ཅིག།
ཐོག་གློག་སེར་གསུམ་འཐབ་པའི་བར་མཚམས་ནས།།
གནམ་སྟོང་མཚན་མོ་ཁོ་ན་འཆར་བར་ཤོག།
ང་ཚོའི་ལྟ་ཚུལ་ཀུན་དགའ་ར་བ་ན།།
མེ་ཏོག་དཀར་དམར་ལྗང་གསུམ་འཁྲུངས་གྱུར་ཅིག།
མེ་ཏོག་དཀར་དམར་རེ་རེའི་སྣེ་མོ་ནས།།
གཞན་ཕན་དྲི་བསུང་རྟག་ཏུ་འཐུལ་བར་ཤོག།
ང་ཚོའི་འཚོ་བ་སྤྲིན་གྱི་སོ་མཚམས་ན།།
ཚ་གྲང་སྙོམས་གསུམ་རེས་སུ་འཕེལ་གྱུར་ཅིག།
ཚ་གྲང་སྙོམས་པའི་ལམ་ཁ་བརྒྱུད་ཐེངས་རེར།།
ཚུགས་ཐུབ་རུས་པ་སྲ་མོ་ཆགས་པར་ཤོག།
ང་ཚོའི་རིག་གཞུང་མཐའ་མེད་མཚོ་གཏིང་ན།།
རིན་ཆེན་སྣ་དགུ་ཕྱུར་བུར་སྤུངས་གྱུར་ཅིག།
རིན་ཆེན་ཕྱུར་བུར་སྤུངས་པའི་ཉེ་འགྲམ་ན།།
མགར་བ་མཁས་ཆེན་དུ་མ་འཛོམས་པར་ཤོག།
ང་ཚོའི་མཐུན་སྒྲིལ་གནམ་སའི་བར་ཁྱམས་ན།།
དགག་སྒྲུབ་མེ་རླབས་དམར་པོ་ལྡང་གྱུར་ཅིག།
མེ་རླབས་ཕྱི་ནང་མ་འཁྱོག་རླུང་གི་མདས།།
ཀུན་སྙོམས་ཞི་བདེའི་གཟུགས་སུ་འདྲེན་པར་ཤོག།
ང་ཚོའི་མི་ཚེ་རས་དཀར་དྲི་མེད་ལ།།
ཚོན་རིས་སྣ་དགུས་འཇའ་འོད་བྲི་གྱུར་ཅིག།
འཇའ་འོད་ཟིལ་མས་བརླན་པའི་ཕྱི་རབས་པར།།
དྭངས་གསལ་སྐྱིད་ཀྱི་ཕ་གཞིས་འགྲུབ་པར་ཤོག།
ང་ཚོ་བྱེད་པོའི་རྩེད་ཆས་ཡིན་ཡང་རུང་།།
ང་ཚོ་ལས་ཀྱི་འཕངས་འབྲས་ལགས་ཀྱང་བླ།།
ང་ཚོ་འབྱུང་གཞིའི་འཕྲུལ་ཆས་ཟེར་ཡང་ཆོག།
ཕན་ཚུན་བསམ་ཤེས་ནམ་ཡང་མི་སྟོར་ཤོག།
2017-1-1……༢༡༤༣-༡༡-༣ཉིན།