࿑ སྟོན་འཇུག་གི་མཚན་མོ།
ལྷ་གསར་བ། (1)
བས་མཐའི་རི་བོའི་ཞོལ་དུ།།
དུས་ཚོད་ནང་གི་ཉི་ཟེར།།
སྤྲིན་དང་འཇའ་ཡི་ཟོལ་གྱིས།།
གློ་བུར་གང་དུ་བཞུད་དམ།།
ང་ལ་འཁོར་བའི་མུན་པ།།
ས་སྲོད་ནང་དུ་ཚེས་བྱུང་།།
བསྐལ་བའི་ཚེ་རབས་ཁྲོད་དུ།།
མུ་གེའི་སྐྱོ་གར་ཆགས་སོང་།།
(2)
སེམས་ཀྱི་ཉི་ནུབ་ཚལ་དུ།།
ཚེ་སྲོག་ཡལ་བའི་སྟོན་འཇུག།
གྲིབ་མ་ཁུར་བའི་མི་ཚོགས།།
སྡུག་བསྔལ་གསེབ་ཏུ་འདར་བྱུང་།།
འོ་སྐོལ་མནར་བའི་ཁ་བ།།
རླུང་དང་མཚན་མོའི་ཁྲོད་དུ།།
བུ་ཡུག་བཞིན་དུ་འཚུབས་སོང་།།
ཚིག་འཁྱག་ངག་ལ་འཁྱུལ་བྱུང་།།
༢༠༡༧/༩//༢༥
ཉི་ནུབ་ཏུ་ཤི་བའི་མགྲོན་པོ་བདག་མེད།
ལྷ་གསར་བ།
ཏག་ཏག་ཉི་ནུབ་ཏུ་འཁོར་བའི་
ཁང་ཆུང་འདི་ནས་མི་ཞིག་གློ་བུར་དུ་ཤི་སོང་
སྐྱོ་སྡུག་གི་གོ་རིམ་བཟུང་བའི་ལོ་ཟླ་འདིར་
སྔས་འགྲམ་དུ་འཐོར་བའི་མིག་ཆུ་མཐའ་དག་
དགུན་གཞུང་གི་ཁ་བ་དང་གཙང་པོར་འདྲིས་
ཉི་ནུབ་ཏུ་ལང་ཚོ་སྙིམ་པ་གང་ཆ་མེད་
རྒྱུས་མེད་ཀྱི་བས་མཐའ་ཞིག་ཏུ་བུད་སོང་
གང་ལྟར་མིང་ཡིག་ཞིག་དེ་རིང་ཉི་རྡུལ་
ཁྲོད་ཀྱི་ཁ་བ་བཞིན་གར་སོང་ཡང་མ་ཤེས་
ངོ་གདོང་དེ་ཏག་ཏག་གཞན་དུ་རྫེས་ནས་
ངོ་མི་གསལ་བའི་མུན་ནག་གི་གམ་ཏུ་འཛུལ་
འཇིགས་བསླ་བའི་ཁུ་སིམ་གྱི་དེ་རིང་
ཁྱོད་ལ་མཚོན་ན་ཁེར་རྐྱང་དུ་ལོགས་པའི་
ཟླ་འོད་བཞིན་གནས་འདི་ནས་འོང་ཞིང་
གནས་འདི་ནས་ལམ་ལ་ཆས་དགོས་
དེ་ལྟར་ཁྱོད་ཀྱི་ལོ་ཟླ་ཡི་འགྱིང་རིམ་འོག་ནས་
བསམ་གཞིགས་ཀྱི་ཡོལ་བ་འཐེན་མ་མྱོང་
2017/11/2