དམར་ཁ་ཚ།
འདས་པའི་ཉི་མ་ཇེ་མང་ཇེ་མང་ལག་གི་དུས་ཚོད་ཇེ་དམ་ཇེ་དམ།།
ཁ་སང་ཉི་མ་ཇེ་དྲན་ཇེ་དྲན་སང་ཉིན་དུས་ཚོད་ཇེ་གཅེས་ཇེ་གཅེས།།
ཆུ་དང་ཆར་བར་ཇེ་འགྲོགས་ཇེ་འགྲོགས་རྐང་བའི་པུས་པོ་ཇེ་ལྷོད་ཇེ་ལྷོད།།
རྡུལ་དང་འདམ་ལ་ཇེ་བཅར་ཇེ་བཅར་མི་འདོད་ནད་ཀྱིས་ཇེ་ཟིན་ཇེ་ཟིན།།
ལོ་དང་ཟླ་བ་ཇེ་བརྩེགས་ཇེ་བརྩེགས་དཔྲལ་བའི་ཆུ་རྐ་ཇེ་གསལ་ཇེ་གསལ།།
ལུས་ཚེགས་ཇེ་ཉུང་ཇེ་ཉུང་ཡིན་ཡང་སེམས་ཚེགས་ཇེ་ཆེ་ཇེ་ཆེ་ཡིན་སོང་།།
ཁྱོད་དང་ཁ་ཐག་ཇེ་རིང་ཇེ་རིང་ང་ཡི་སེམས་ལ་ཇེ་ལྷུང་ཇེ་ལྷུང་།།
ཁྱོད་ཀྱིས་ཁ་པར་ཇེ་གཏོང་ཇེ་གཏོང་ང་རང་དྲན་པ་ཇེ་ཤེས་ཇེ་ཤེས།།
ཁྱོད་ཉིད་ང་ལ་ཇེ་སེམས་ཇེ་སེམས་ང་ཡང་ཁྱོད་ལ་ཇེ་དགའ་ཇེ་དགའ།།
ཁྱེད་ཀྱིས་གསུང་སྐད་ཇེ་སྙན་ཇེ་སྙན་ང་ལ་ཉན་འདོད་ཇེ་ཆེ་ཇེ་ཆེ།།
ཁྱོད་ལ་སེམས་ཚེགས་ཇེ་གཏད་ཇེ་གཏད་རང་ཉིད་སེམས་ཁམས་ཇེ་རྙོག་ཇེ་རྙོག།
ཁྱོད་ཀྱིས་བཀའ་དྲིན་ཇེ་དྲན་ཇེ་དྲན་ན་ཟུག་སྙིང་ནས་ཇེ་གཟེར་ཇེ་གཟེར།།
2016/04/12