རྩོམ་པ་པོ་བྲག་འགོ་བང་སོ།
ཚོར་བས་བཏོན་པའི་ཉིན་ཐོ།
སྐབས་སུ་ངས་ཕྱིར་འདང་གཉོམ་པོ་རེ་བརྒྱབ་ནས། མི་ཚེ་བདེ་སྐྱིད། ང་། ཁྱོད་ཟེར་བའི་ཐ་སྙད་ཀྱི་འགྲན་ཚོགས་དག་ལ་མནོལ་བསམ་བྱེད་སྐབས་ང་རང་ཧ་ཅང་སུན་བྱུང་། དེའི་དབང་གིས་མི་ཚོགས་ཀྱི་འཕྱ་བརྗོད། བསྟོད་བཀུར་བསྔགས་གསུམ་ཟེར་བའི་ཐ་སྙད་རྫིག་པོ་དག་ལ་རྣ་བ་སྦས་ཏེ་བག་ཡངས་ལྷིང་འཇགས་ཤིག་རྙེད་པ་ནི་ངའི་ཆེས་དམིགས་འབེན་མཐར་ཐུག་པར་བཟུང་ཡོད། རྒྱུ་མཚན་དེའི་དབང་གིས། འཚོ་བ་རོལ། དམིགས་འདུན་བསུ་ཟེར་བའི་དོན་དག་སྐམ་པོ་འགའ་གདོང་ལེན་བྱས་པ་ཡིན། དེའི་ཞོར་ལ། ངས་མཆོག་གསུམ་ལ་ནམ་ཡང་རེ་བཅོལ་བྱེད་པ་ཡིན། ནང་ཆོས་ནས་བཤད་པ་ལྟར། ང་ཚོས་དངོས་གནས་བདག་མེད་པ་ལ་བདག་ཉིད་དུ་བཟུང་ཡོད་པ་འདྲ། དཔེར་ན་རྨི་ལམ་དུ་ང་ཚོས་ཧ་ཅང་ནན་ཏན་གྱིས་དོན་དག་བསྒྲུབ་ཁལ་བགྱིས་པ་བཞིན། ང་ཚོས་ཚང་མ་ལ་རེ་འདུན་རྒྱ་ཆེན་པོ་བཅིངས་སྲིད། དེས་ན་བདག་མེད་པར་རྟོགས་པས་ང་ཚོ་ནམ་ཞིག་བག་ཕེབས་ངང་འཚོ་སྲིད་དམ།གང་ལྟར་ང་གནས་སྐབས་ལམ་ཕྱོགས་འདི་བརྒྱུད་དེ། དོན་དག་ཅིག་རྩར་གཅོད་མེད་པར་ང་ནམ་ཡང་ཕྱིར་ལྡོག་མི་སྲིད།
ཤེས་གསལ་ལྟར། ང་ཚོ་གནས་ཡུལ་འདོད་ཁམས་རེད།འདོད་ཁམས་ཟེར་བ་སླ་མོས་བཤད་ན་འདོན་ཆགས་ཡོད་སའི་ཁམས་ཟེར་བ་རེད། འདོད་ཆགས་ནི་བརྩེ་དུང་ལས་ཟབ་པའི་འཁྱུད་སྡོམ་དམ་པོ་ཞིག་ལ་ཆ་བཞག་ནའང་ཆོག་ཆོག་ཡིན། དེས་ན་ང་རང་ཁེར་རྐྱང་དབེན་རུ་སྐམ་པོ་ཞིག་ནས་ཁེར་སྡོད་བྱས་པ་ནི་ང་ལྟ་བུའི་སོ་སྐྱེས་ཐ་ལམ་པ་ཞིག་ལ་མཚོན་ན་ཧ་ཅང་སྡུག་བསྔལ་ཅིག་རེད། རྒྱུ་མཚན་མི་ཚེ་གང་བོར། སེམས་ཀྱི་སྡུག་བསྔལ་བཤད་ས་མེད་ཅིང་། འཛུམ་མདངས་མངར་མོ་ཞིག་གཏན་ནས་ཚོར་ཐུབ་ཀི་ཡོད་པ་མ་རེད། ཁེར་རྐྱང་ཟེར་ན་ཐལ་ཆེ་སོང་སྣང་ཤར་མཁན་ཡོད་མོད། བུ་ལ་བུ་མོ་དགའ་རོགས་བཙལ་དབང་མེད་པ་དང་བུད་མེད་ཞིག་ལ་བུ་དགའ་རོགས་བཙལ་དབང་མེད་པ་ནི་ཁེར་རྐྱང་ལས་ཁེར་རྐྱང་ཅིག་ཡིན་པ་ཁྲིགས་ཁྲིགས་རེད། ང་ལ་དགའ་རོགས་བཙལ་དབང་མེད་པ་ནི་ང་རང་གིས་འདེམས་ཁ་ཡིན་པ་ལས་གཞན་ཞིག་གིས་བཙན་བཀོལ་བྱེད་པ་མིན་མོད་། ནམ་ཞིག་བདག་མེད་རྟོགས་རྒྱུ་མེད་པར་སྐྱེ་བ་སྔ་ཕྱི་ཞིག་ཡེ་ནས་མེད་སྲིད་ན་ངས་རང་ལ་བཀོད་སྒྲིག་བྱས་པའི་ལམ་ཁ་ནོར་བ་ཡིན། ལས་བརྡའ་བྱས་ས་གཅིག་ཀྱང་མེད། མི་མང་པོ་ཞིག་གིས་རྒྱབ་ལ་གོས་ཡོད་པ་ཙམ་དང་། ཁ་ལ་ཟས་ཆོག་ཆོག་ཙམ་ཡོད་པས་མི་དེ་བདེ་སྐྱིད་དངོས་མ་ཞིག་ན་ཡོད་སྣང་ཤར་ནའང་། སེམས་ཀྱི་དཀའ་ལས་ནི་གོས་དང་ཟས་ཀྱིས་གཏན་ནས་མགུ་ཐབས་མི་འདུག གང་ལྟར་བཤད་ན་གང་ཡང་སླ་མོ་རེད། བསྒྲུབ་ན་གང་ཡང་དཀའ་མོ་རེད།