ལས་ཀྱི་ཐུག་པ་སྐད་འཕྲིན་ལམ་ནས་མཇལ།།
གྲོས་སུ་མཐུན་པ་དུས་བབ་ན་གཞོན་འདོད།།
ཅི་ཆ་མ་འཚལ་མོལ་མོལ་མཐའ་མ་ལ།།
དགའ་སྐྱོ་ཟུང་འབྲེལ་འཇིག་རྟེན་འཁོར་བ་གླེང་།།
འཛེམ་བྱ་མདོག་བྱ་མེད་པའི་སྐད་ཚོམས་ན།།
འཁྲུལ་བའི་སྨྱོ་རྟགས་མིན་ཡང་ཚོར་འདུ་གཙང་།།
ཕྱི་རྒྱན་ནང་རྒྱན་མེད་པའི་ཅལ་ཀའི་ཁྲོད།།
མི་གཞི་ཚད་ལྡན་ཞིག་གི་བག་ཆགས་བཞག།
བརྙན་མཐོང་ཁྱེད་གཟུགས་མཛེས་པའི་མ་བསླུ་ཡང་།།
སྒམ་བརླིང་གཏན་ཚིག་ཅན་གྱི་གཤིས་ཀ་དང་།།
མི་ཆོས་སྤྱོད་ཡག་གཅིག་གི་ཕོ་ཚུགས་ལས།།
དྲི་མེད་སེམས་གྲོགས་དག་མའི་དགའ་བ་བརྟས།།
བློ་ལ་ཨེ་བབ་ཟེར་ན་བབ་ཀྱིན་འདུག།
ཚེ་གཅིག་གཏན་གྲོགས་ཟེར་ན་མོས་མཐུན་ཡང་།།
ཕ་ལོའི་ཁ་བརྡ་དེ་འང་བདེན་པར་དགོངས།།
ཡུན་གཅིག་ཨ་ལན་མི་འདེབས་དགོངས་དག་ཞུ།།