࿐ཚེ་སྔོན་སྨོན་ལམ་བཟང་པོའི་མཐུས་དགེ་སློབ་ཀྱི་ལས་འབྲེལ་བྱུང་བའི་ང་ཚོ་ཕན་ཚུན་ཞལ་གྱེས་ཞུ་བའི་དུས་ལ་སླེབས་རན་སོང་། འཛོམས་པའི་མཐའ་མ་བྲལ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཏུ་གྲུབ་པས་ང་ཚོས་སྐྱོ་སྣང་དང་སེམས་སྡུག་གི་མཆི་མ་ངེས་པར་ཁོག་ཏུ་མིད་དགོས། མི་ལོ་དྲུག་གི་ཡར་སྔོན་དུ་ཁྱེད་ཚོས་ལྷད་མེད་དྭངས་གཙང་གི་བྱིས་སེམས་ཤིག་བསྣམས་ཤིང་ཡབ་ཡུམ་གྱི་རེ་བ་ཁོག་ཏུ་བཅུག གསར་སྐྱེས་ཀྱི་མེ་ཏོག་འདྲ་བའི་འཛུམ་ཞལ་དང་འགྲོགས་ཏེ། དཔེ་ཁུག་ཆུང་ཆུང་རྒྱབ་ཏུ་འཁུར། ཤ་རྩི་དཀར་ལ་འཇམ་ཞིང་མཉེན་པའི་ལག་ཆུང་གིས་ཡབ་ཡུམ་གཉིས་པོའི་ཕྱག་ནས་དམ་པོར་འཇུས་ཏེ་གྲུང་ཤ་དོད་པའི་མིག་ཟུང་ཕྱོགས་བཞིར་ལྟ་གིན་སློབ་ཆུང་གསུམ་པའི་སྒོ་འགྲམ་དུ་འབྱོར་ཐོ་བཀོད་པའི་རྣམ་པ་དེ་དག་དྲན་པའི་ངོས་སུ་གསལ་ལྷང་ངེར་འཆར་དུས། དུས་ཚོད་ནི་རྟ་ཕོ་ལྕག་གིས་སྐུལ་བ་ལྟར་ཅི་འདྲའི་འགྲོ་མགྱོགས་པ་ཞིག་རེད་ཨང་།
སློབ་ཕྲུག་ཚོ། སྐྱེ་སྟོབས་ཀྱི་དཔལ་འབར་བའི་དབྱར་གཞུང་འདིར་ཁྱེད་ཚོའི་ཚོན་མདངས་རྣམ་པར་བཀྲ་བའི་བྱིས་དུས་ཀྱི་ཉི་མ་ནུབ་ཕྱོགས་ཆུ་ལྷའི་ཕང་བར་ཡིབ་པར་བྲེལ་ལ། དགའ་སྐྱོ་འདྲེས་མའི་སློབ་ཆུང་གི་འཚོ་བ་ལོ་རྒྱུས་སུ་གྱུར་ལ་ཉེ། སློབ་ཕྲུག་ཚོ། ཁྱེད་ཚོ་བསམ་མེད་ཀྱི་བྱིས་པ་ཞིག་ནས་ད་ལྟ་རང་རང་གི་བསམ་ཚུལ་ཡོད་ཅིང་ཤེས་རིག་གི་ནམ་འཕངས་གཅོད་ལ་གཞོལ་བའི་གཞོན་ནུ་ཕུགས་བསམ་ཅན་ཞིག་ལ་འགྱུར་བཞིན་པ་མཐོང་དུས། ངའི་སེམས་ནང་གི་སྤྲོ་སྣང་ཡིག་ཐོག་ནས་མཚོན་ག་ལ་ནུས།
སློབ་ཕྲུག་ཚོ། སློབ་ཆུང་སློབ་ཐོན་གྱི་ཡིག་རྒྱུགས་ནི་སློབ་གཉེར་དུས་མཚམས་ཀྱི་ཆེས་ཐོག་མ་དང་ངེས་པར་བརྒྱུད་དགོས་པའི་མི་ཚེའི་ཀྱོག་མཚམས་ཤིག་ཏུ་ལགས་ན། ཁྱེད་རྣམས་ཀྱི་དམར་ཆུང་སེམས་ལ་སྔར་མེད་ཀྱི་འཚབ་ཆ་ཞིག་དང་། དོར་མེད་ཀྱི་འཇིགས་སྣང་ཞིག གཡོལ་མེད་ཀྱི་འགན་འཁྲི་ཞིག་དང་འགོག་མེད་ཀྱི་གནོན་ཤུགས་ཤིག་སླེབས་སྲིད་ཀྱང་། ང་ཚོ་སེམས་ཁམས་སྙོམ་སྒྲིག་ལ་མཁས་དགོས། ང་ཚོས་དངངས་མ་སྐྲག་གི་ཚོར་སྣང་རྒྱང་དུ་ཕུད་དགོས། གང་ཡིན་ཟེར་ན། ཡིག་རྒྱུགས་ནི་ཡིག་རྒྱུགས་རང་ཡིན་པ་ལས་དེས་ཁྱེད་ཀྱི་འཇོན་ནུས་ཡོངས་སུ་རྫོགས་པ་མཚོན་ག་ལ་ནུས།
སློབ་ཕྲུག་ཚོ། རྒན་ལགས་ཀྱིས་འདི་ལྟར་བསམ་བཞིན་ཡོད་དེ། ཐེངས་འདིའི་ཡིག་རྒྱུགས་ནི་སློབ་ཕྲུག་ཚོ་འཚར་ལོངས་ཀྱི་ལམ་བུའི་ཐོག་ཕེབས་པའི་མགྲོན་པོ་ཙམ་ཞིག་དང་། འདས་ཟིན་པའི་སློབ་ཆུང་ལོ་དྲུག་གི་མངར་སྐྱུར་འདྲེས་མའི་འཚོ་བའི་རྫོགས་ཤད་ཅིག མ་འོངས་སློབ་གཉེར་གྱི་བཀྲ་ཤིས་བསུ་མ་ཞིག་ཏུ་བརྩི་བ་ལས། འདི་ནི་ཡོད་ཚད་ཀྱི་འགོ་འཛུགས་ས་དང་ཡོད་ཚད་ཀྱི་མཇུག་སྒྲིལ་ས་ཞིག་ཏུ་བརྩི་གི་མེད།
སློབ་ཕྲུག་ཚོ། མ་གཞི་མི་ཁག་ཅིག་གིས་ཁྱེད་ནང་སར་ཡིག་རྒྱུགས་མ་འཕྲོད་ཚེ་ཕན་མེད་ཟོག་རོ་དང་གཅིག་པ་རེད་ཅེས་གསུངས་སྲིད་ལ། ཡང་ཁག་ཅིག་གིས་ཁྱེད་ཀྱི་ཡིག་རྒྱུགས་སྐར་གྲངས་མཐོ་པོ་མེད་ཚེ་ཕུལ་བྱུང་གི་སློབ་འབྲིང་ཞིག་ལ་བསྐྱོད་ཐབས་མེད་ཅེས་ཀྱང་ཞུ་སྲིད། ཁག་ཅིག་གིས་ཡིག་རྒྱུགས་སྦྱངས་འབྲས་རྗེས་སུ་ལུས་ན་ཁྱེད་ལ་མདུན་ལམ་ཡོག་མ་རེད་ཅེས་བརྗོད་སྲིད་ལ། ཁྱེད་ཀྱི་སྦྱངས་འབྲས་སྐར་གྲངས་མཐོ་པོ་མེད་ཚེ་ཁྱིམ་ཚང་གི་ཞབས་འདྲེན་དང་འཛིན་གྲྭའི་རྐང་པ་འཐེན་མཁན་རེད་ལ་སོགས་པའི་རྣོ་ངར་གཏམ་གྱི་མཚོན་ཆ་ཡང་ཁྱེད་ཀྱི་དམར་ཆུང་སྙིང་ཁར་འཕེན་སྲིད། འོན་ཀྱང་སློབ་གསོའི་ཆོས་ཉིད་དང་འགལ་ཞིང་ལུང་དང་རིགས་པའི་སྒྲུབ་བྱེད་ཀྱིས་སྟོངས་པའི་ཁུངས་མེད་ཀྱི་གཏམ་འཆལ་དེ་དག་ལ་ང་ཚོས་སེམས་འཛིན་ཡེ་ནས་བྱ་དོན་མེད། ང་ཚོས་རང་ཚུགས་བརྟན་པར་སྲུང་དགོས། གང་ཡིན་ཟེར་ན། ཁྱེད་ཀྱི་ལུས་ཐོག་ལ་ཡིག་རྒྱུགས་ཤོག་བུས་མཚོན་ཐབས་བྲལ་བའི་ཡ་རབས་གཤིས་བཟང་དང་། གཞན་ཕན་ལྷག་བསམ། བྱམས་སྙིང་རྗེ། དྲིན་གཟོའི་བསམ་པ་རྣམ་དག་ཅིག་ཡོད་པས་ང་ཚོས་རང་ཉིད་ཀྱི་རིན་ཐང་རྟོགས་དགོས།
སློབ་ཕྲུག་ཚོ། ནང་སའི་སློབ་ཁྲིད་སྤུས་ཚད་ཚད་མཐུན་ཅན་དང་། སློབ་གཉེར་དགོངས་པ་སྔོན་ཐོན་ཅན་གྱི་ལམ་དུ་བསྐྱོད་བཞིན་ཡོད་པས་ཁྱེད་དེ་གར་འགྲོ་ཐུབ་ན་བཟང་མོད། འོན་ཀྱང་ཁྱེད་ཚོ་ནང་སར་འགྲོ་མ་ཐུབ་ནའང་ཕ་ཡུལ་གྱི་སློབ་གསོས་ཁྱེད་ལ་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་གནང་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་དགོས། ཕ་ཡུལ་ནས་དྲིན་ཆེན་ཕ་ལོའི་ཡང་དག་གི་ལམ་སྟོན་རྗེས་སུ་འབྲངས་ཆོག་ལ་དྲིན་ཆེན་མ་ལོའི་བྱམས་བརྩེའི་དྲོད་འཁོལ་ཡང་ལོངས་སུ་སྤྱད་ཆོག ཕ་ཡུལ་གྱི་ཡ་རབས་སྲོལ་བཟང་རྒྱུན་འཛིན་དང་དར་སྤེལ་གྱི་ལས་འགུལ་དེར་ཁྱེད་ཚོ་ངེས་པར་ཞུགས་དགོས་ལ། མི་རིགས་རིག་གནས་སྦྱོང་སྤྱོད་སྤེལ་གསུམ་ནི་ཁྱེད་ཚོའི་དོར་མེད་ཀྱི་འགན་འཁྲི་རེད། དོན་དངོས་ཐོག་ཁྱེད་ཚོ་ཕ་ཡུལ་ན་འདུག་པ་ནི་གཟི་བརྗིད་ཅིག་ཡིན་པ་ལས་ཐབས་རྡུགས་ཤིག་ག་ལ་ཡིན།
སློབ་ཕྲུག་ཚོ། ད་ཐེངས་བོད་ལྗོངས་ནང་སའི་གཅིག་གྱུར་ཡིག་རྒྱུགས་ཀྱི་སྦྱངས་འབྲས་མཐོ་དམའ་ཅི་འདྲ་བྱུང་རུང་རྒན་ལགས་ཀྱི་སེམས་སུ་ཁྱེད་ཚོ་ཚང་མར་བཀྲ་ཤིས་ཀྱི་རྟེན་འབྲེལ་ཞུ་ཁོ་ཐག་ཡིན། གང་ལགས་ཤེ་ན། ཁྱེད་ཚོ་ནི་མཚར་སྡུག་རྣམ་པར་བཀྲ་བའི་གསར་སྐྱེས་མེ་ཏོག་དེ་ཡིན་པས་སོ། མ་གཞི་མེ་ཏོག་སོ་སོའི་ཚོན་སྣ་མི་གཅིག་ལ་དྲི་མ་དང་ཆེ་ཆུང་ཡང་གཅིག་པ་ག་ལ་ཡིན། ལྷག་པར་དུ་མེ་ཏོག་ལ་ལ་འདབ་མ་ལྷུག་པོར་གྲོལ་ཏེ་བཞད་ཁ་ཡོངས་སུ་ཕྱེ་ཡོད་ཅིང་། ལ་ལ་ཐེའུ་བཏང་སྟེ་བཞད་ཁ་ཕྱེ་ལ་ཁད་དུ་གྱུར་ཡོད། ཡིན་ནའང་མེ་ཏོག་སོ་སོ་བཞད་པའི་དུས་ཚིགས་མི་གཅིག་ཅིང་། བཞད་ཡུན་ཡང་མི་མཚུངས་པའི་ཆོས་ཉིད་ལ་རྒན་ལགས་ཀྱིས་ནམ་ཡང་ཡིད་ཆེས་བྱ་བཞིན་ཡོད་པས་མེ་ཏོག་རེ་རེའི་བཀྲག་མདངས་ངོམ་རྒྱུར་རེ་ཞིང་སྒུག་ཡོད།
སློབ་ཕྲུག་ཚོ། མཚར་སྡུག་བཀྲ་བའི་མེ་ཏོག་ལ་ཉི་འོད་ཀྱི་དྲོད་འཁོལ་མེད་ན་མི་འགྲིག་ལ། བཞའ་བརླན་དང་འཚོ་བཅུད་བྲལ་ན་དེ་བས་མི་འགྲིག་པས། ཕྱིས་འབྱུང་གི་མི་ཚེའི་འགྲོ་ལམ་ཐོག་མེ་ཏོག་དང་མཚུངས་པའི་རང་ཉིད་ལ་དུས་དང་རྣམ་པ་ཀུན་ཏུ་ཤེས་རིག་གི་འོད་སྣང་འཚོལ་དགོས་ལ། ཡ་རབས་ཀུན་སྤྱོད་ཀྱི་བརླན་གཤེར་དགོས་པ་ངེས་པར་དུ་སེམས་ལ་འཇོག་ཅིག་ཨང་།
སློབ་ཕྲུག་ཚོ། སློབ་གསོའི་མཐར་ཐུག་གི་སྙིང་པོ་ནི་མི་ཀུན་སྤྱོད་ཅན་ཞིག་སྐྱོང་རྒྱུ་དེ་ཡིན་པས། ང་ཚོས་དེ་རིང་ནས་འགོ་བཙུགས་ཤིང་ད་ལྟ་ནས་བཟུང་སྟེ། ཡ་རབས་ཚུལ་ལྡན་དང་། རྒན་བཀུར་གཞོན་གཅེས། གཞུང་དྲང་ཕུགས་བསམ་ཅན་གྱི་མི་བུ་ཞིག་ཏུ་འགྱུར་རྒྱུར་འབད་ཅིག་ཨང་།࿐བསྒྲིགས་པ་པོ་དུང་ཟླ་དཀར་པོ།