ཁྱིམ་ཚང་ནི་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་སའི་རྟེན་གཞི་གཙོ་བོ་དེ་ཡིན་ལ། ཁྱིམ་བདག་ནི་བྱིས་པའི་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན། རྣམ་དཔྱོད་ལྡན་པའི་ཕ་མ་དང་། བྱམས་སེམས་ཅན་གྱི་ཕ་མ། བསམ་ཤེས་ཅན་གྱི་ཕ་མའི་བུ་ཕྲུག་བྱ་རྒྱུ་བྱུང་བ་ནི་བྱིས་པ་ཚོའི་སྤོབས་པ་དང་གཟི་བརྗིད་རེད། ཁྱིམ་བདག་གི་མི་ཚེའི་ལྟ་བས་བྱིས་པའི་མི་ཚེར་ཁ་ཕྱོགས་རང་བཞིན་དང་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་གྱི་ཡོད། དེང་གི་ཆར། བུ་ཕྲུག་གི་ཆེད་དུ་རང་གི་སྲོག་ཀྱང་བློས་གཏོང་ཕོད་པའི་སྙིང་སྟོབས་ཅན་གྱི་ཕ་མ་ཉུང་ཉུང་མིན་རུང་། བུ་ཕྲུག་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བའི་བརྒྱུད་རིམ་ཁྲོད་རྩ་ཆེའི་དུས་ཚོད་ཟུར་འཐེན་གྱིས་བུ་ཕྲུག་གི་སེམས་གཏམ་ཉན་པ་དང་། བུ་ཕྲུག་གི་སྤྲོ་སྣང་ལ་མཐོང་ཆེན། བུ་ཕྲུག་ལ་བརྩི་བཀུར་དང་བསམ་ཤེས། དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་བསྐྲུན་མཁན་ནི་སྤྱིར་ན་དཀོན་པར་མཐོང་བས། ལོ་གཅིག་དུས་གཅིག་གི་དྲུག་གཅིག་བྱིས་པའི་དུས་ཆེན་འཆར་ལ་ཉེ་བའི་མཚམས་འདིར་ང་དང་། ཁྱེད། ཁོང་། ང་ཚོ་མཉམ་དུ་ལོ་ཆུང་བྱིས་པ་ཚོའི་སེམས་ཁོངས་ནས་བརྡོལ་བའི་སྙིང་གཏམ་ཞིག་གསན་པར་ཕེབས་ན་ཅི་འདྲ་འདུག
སློབ་ཕྲུག་བསམ་སྐྱིད་ཀྱིས། དྲུག་གཅིག་གི་ཉིན་མོ་ནི་ང་ཚོའི་ཁྱིམ་མི་བྲེལ་ཟིང་ཆེ་ཤོས་ཀྱི་དུས་ཚོད་ཅིག་རེད། གང་ཡིན་ཟེར་ན་ངའི་ཨ་མ་ལགས་ཀྱིས་ཞོག་ཁོག་བསྲེས་མ་དང་གྲང་ཐུག་བཙོངས་ཏེ་ཁྱིམ་ཚང་གི་འཚོ་བའི་གྲོན་དངུལ་གསོག་འཇོག་གནང་གི་ཡོད། དྲུག་གཅིག་ཉིན་མོར་ཚོང་ཧ་ཅང་ཡག་པོ་ཡོད་པས་ང་དང་པཱ་ལགས་ཀྱང་ཨ་མ་ལགས་ལ་ཕྱག་རོགས་སུ་འགྲོ་དགོས། ང་རང་ནི་ལོ་ན་ཆུང་ཡང་སྟོབས་ཤུགས་ཆེ་བའི་སྣང་བ་ཞིག་ཡོང་གི་འདུག་པས་སེམས་ནང་དྲོ་སོབ་སོབ་ཀྱི་ཚོར་སྣང་ཡོང་གི་འདུག
སློབ་ཕྲུག་ཚེ་སྒྲོན་གྱིས།ང་ནི་ལོ་རེའི་དྲུག་གཅིག་དུས་ཆེན་སླེབས་པ་དང་སེམས་ནང་བརྗོད་མི་ཤེས་པའི་སྐྱོ་སྣང་ཞིག་སྐྱེས་ཡོང་གི་འདུག གང་ཡིན་ཟེར་ན་ང་ནི་ཕ་མ་ཁག་ཁག་བྱས་པའི་ཕྲུ་གུ་ཞིག་ཡིན། དྲུག་གཅིག་གི་ཉིན་མོར་སློབ་གྲོགས་ཚོས་ཕ་མ་གཉིས་ཀྱི་ལག་ནས་དམ་པོར་འཇུས་ཏེ་སྤྲོ་སྣང་ལྡན་པའི་གླུ་དབྱངས་ལེན་བཞིན་སློབ་གྲྭར་ཡོང་བའི་རྣམ་པ་མཐོང་དུས་ངའི་དམ་པོར་འཇུས་ཐབས་མེད་པའི་ལག་པ་ཡ་གཅིག་དེ་གང་དུ་འཚོལ་བར་འགྲོ་སྙམ་གྱི་འདུག བྱས་ཙང་དུས་ཆེན་གྱི་སྤྲོ་སྣང་ཡང་མེད་པར་འགྱུར་གྱི་འདུག
སློབ་ཕྲུག་བཀྲ་ཤིས་ཀྱིས། དྲུག་གཅིག་བྱིས་པའི་དུས་ཆེན་ནི་ངས་རེ་སྒུག་ཆེ་ཤོས་བྱེད་པའི་ཉིན་མོ་དེ་རེད། གང་ཡིན་ཟེར་ན། ཉིན་དེར་ངའི་ཕ་མ་གཉིས་ནས་བྲིས་པའི་སེམས་གཏམ་མཚོན་པའི་ཡི་གེ་དེ་འབྱོར་ཐུབ། ངའི་པཱ་ལགས་དང་ཨ་མ་ལགས་ནི་སློབ་ཆུང་གི་དགེ་རྒན་ཞིག་ཡིན་ཞིང་། ལོ་རེའི་དྲུག་གཅིག་གི་ཞོགས་པར་ཁོང་རྣམ་གཉིས་ཀྱིས་ང་ལ་བརྗོད་འདོད་པའི་སེམས་གཏམ་ཡོད་ཚད་ཡིག་ཐོག་ཏུ་བཀོད་དེ་ཕྱི་ཤོག་མཛེས་པོས་འཐུམ་སྒྲིལ་བྱས་ནས་ངའི་སྔས་མགོའི་འོག་ཏུ་བཅུག་གནང་གི་ཡོད། ལོ་ལྟར་གྱི་ནང་དོན་མི་འདྲ་ཞིང་ཡིག་གཟུགས་དང་ཚོན་སྣའང་མི་གཅིག ལྷག་པར་དུ་དྲུག་གཅིག་གི་ཕྱག་རྟགས་གང་ཡིན་མིན་ཡང་ཡི་གེའི་ནང་བྲིས་ཡོད་པས། ངོ་མ་རྩེད་མཚར་གྱིས་ཕྱུག་ཅིང་དོན་སྙིང་ཆེ་བའི་འཕྲིན་ཡིག་གཏོང་བའི་དུས་སྟོན་དེ་ནི་ངས་དགའ་ཤོས་བྱེད་པའི་དྲུག་གཅིག་གི་དུས་ཆེན་ཡིན།
སློབ་ཕྲུག་རིག་འཛིན་གྱིས། ང་ནི་འགྲིམ་འགྲུལ་ཉེན་རྟོག་པའི་བུ་ཕྲུག་ཅིག་ཡིན་པས་དྲུག་གཅིག་དུས་ཆེན་གྱི་སྐོང་གླེང་མ་ཐག་ངའི་པཱ་ལགས་ལ་སྙིང་རྗེ་ཚད་མེད་སྐྱེས་ཀྱི་འདུག གང་ཡིན་ཟེར་ན། ལོ་ལྟར་གྱི་དྲུག་གཅིག་དུས་ཆེན་སྐབས་རྒྱ་ཆེའི་ཁྱིམ་བདག་ཚོས་རླངས་འཁོར་གྱི་མྱུར་ཚད་ལ་ཚོད་འཛིན་མི་བྱེད་པ་དང་། རླངས་འཁོར་གྱི་སྒྲིག་སྲོལ་ལ་རྩིས་མེད་བཏང་སྟེ་མི་གྲངས་ཚད་འགལ་བླུག་པ། ད་དུང་ཆང་རག་ཚོད་མེད་བཏུང་རྗེས་རླངས་འཁོར་གཏོང་བ་སོགས་བྱེད་ཀྱི་ཡོད་པས། ང་དང་ཨ་མ་ལགས་ལ་བདེ་ཞིང་ལྷོད་པའི་དྲུག་གཅིག་གཏོང་བའི་བསོད་བདེ་མི་འདུག བྱས་ཙང་ང་དྲུག་གཅིག་ལ་དེ་ཙམ་དགའ་པོ་མེད།
སློབ་ཕྲུག་ཕུན་ཚོགས་ཀྱིས། ལོ་རེའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཉིན་མོའི་དུས་ཚོད་ནི་དེ་བས་འགྲོ་མགྱོགས་ཤིང་རྩ་ཆེན་པོ་ཡིན་པའི་ཚོར་སྣང་ཡོང་གི་འདུག གང་ཡིན་ཟེར་ན། དེའི་ཉིན་མོར་ང་ལ་བྲིས་མི་ཚར་བའི་ཁྱིམ་སྦྱོང་ཡོག་མ་རེད་ལ། ཉན་མི་ཚར་བའི་སློབ་ཚན་ཡང་ཡོག་མ་རེད། དྲུག་གཅིག་ཉིན་མོ་ངས་སྐད་གསངས་མཐོན་པོས་གླུ་ལེན་ཆོག་ལ། རང་ཉིད་དགའ་བའི་རྩེད་མོར་རོལ་ཆོག བྱས་ཙང་སྤྲོ་སྣང་ལྡན་པའི་ཉིན་མོ་དེ་མགྱོགས་ཙམ་སླེབས་ན་བསམ་གྱི་འདུག
སློབ་ཕྲུག་བདེ་ཆེན་གྱིས། ང་ནི་ཁོར་ཡུག་གཙང་སྦྲའི་བཟོ་པའི་བུ་ཕྲུག་ཅིག་ཡིན་པས། དྲུག་གཅིག་སྐོར་གླེང་མ་ཐག ངའི་སྙིང་ནས་བརྩེ་བའི་ཨ་མ་ལགས་ཀྱི་ཞལ་རས་ཡིད་ལ་འཁོར་ཡོང་གི་འདུག གང་ཡིན་ཟེར་ན། དུས་ཆེན་ཡིན་པས་ཅ་དངོས་ཙག་ཙིག་གང་སར་བཙོང་རྒྱུ་ཡོད་ལ། བཟའ་ཆས་འདྲ་མིན་ཤིན་ཏུ་མང་པོ་བཙོང་རྒྱུ་ཡོད། ཀུན་སྤྱོད་བྱང་ཚད་ཞན་པའི་མི་རྒན་པ་ཁ་ཅིག་དང་ཕྲུ་གུ་ཁ་ཅིག་གིས་རྩེད་ཆས་ཀྱི་ཤུན་སྐོགས་གང་སར་བསྐྱུར་བ་དང་། བཟའ་ཆ་ལྷགས་མ་གང་བྱུང་དུ་བཤོ་བ་སོགས་ཁོར་ཡུག་གཙང་སྦྲར་གཏོར་སྐྱོན་ཚབས་ཆེན་གཏོང་གི་ཡོད་པས། ངའི་ཨ་མ་ལགས་དང་ཁོང་གི་ལས་རོགས་རྣམས་དཀའ་ཚེགས་ཆེ་ཤོས་ཀྱི་ཉིན་ཞིག་ཡིན་པ་བསམ་བློར་འཁོར་དུས། དྲུག་གཅིག་དུས་ཆེན་ལ་བསུ་བ་ཞུ་འདོད་དེ་ཙམ་མེད།
སློབ་ཕྲུག་བཀྲ་ཤིས་ཀྱིས། དྲུག་གཅིག་བྱིས་པའི་དུས་ཆེན་ནི་ངས་དགའ་ཤོས་བྱེད་པའི་ལོ་གཅིག་དུས་གཅིག་གི་དུས་ཆེན་རེད། བྱས་ཙང་ངས་ཉིན་མོ་དེར་ན་མཉམ་གྲོགས་པོ་ཚོ་དང་ལྷན་ཅིག་བྱིས་པའི་རོལ་རྩེད་ཁང་དུ་བསྐྱོད་ནས་སྤྲོ་སྣང་ལྡན་པའི་དུས་ཆེན་ཞིག་གཏོང་རྩིས་ཡོད་དཱ།
སློབ་ཕྲུག་ནོར་སྒྲོན་གྱིས། དྲུག་གཅིག་གི་ཉིན་མོ་ནི་ངའི་ངོས་ནས་བཤད་ན་དོན་སྙིང་ཆེ་བ་གང་ཡང་མི་འདུག གང་ཡིན་ཟེར་ན་ལོ་ལྟར་གྱི་དྲུག་གཅིག་སླེབས་པ་དང་ནང་མི་ཚོས་རིན་གོང་མཐོ་བའི་རྩེད་ཆས་དང་། སློབ་སྦྱོང་ཡོ་ཆས་མང་པོ་ཉོས་ཏེ་ང་ལ་དུས་ཆེན་གྱི་འཚམ་འདྲི་ཞུས་རྗེས་ཡང་རིམ་པ་མཐོ་བའི་གསོལ་མགྲོན་ཁང་དུ་རྒྱས་སྤྲོས་ཀྱི་གསོལ་སྟོན་བཤམས་ཏེ་དུས་ཆེན་ལ་རྟེན་འབྲེལ་ཞུ་ཡི་ཡོད། ཡིན་ན་ཡང་ང་རྒྱས་སྤྲོས་ལོངས་སྤྱོད་ཀྱི་འཚོ་བརདགའ་པོ་མེད། ང་རང་ན་མཉམ་གྲོགས་པོ་རྣམས་དང་ལྷན་དུ་གང་འདོད་རྩེད་དགར་རོལ་བའི་སྐལ་བ་མེད་པ་ཤེས་དུས་ངའི་དམར་ཆུང་སེམས་པ་གྲང་ཅང་ཅང་དུ་འགྱུར་ཡོང་གི་འདུག
སློབ་ཕྲུག་དབྱངས་ཅན་གྱིས། ང་ནི་ལྷོ་ཁ་གྲོང་ཁྱེར་ཕན་བདེ་ཁང་གི་བྱིས་པ་ཞིག་ཡིན། དྲུག་གཅིག་བྱིས་པའི་དུས་ཆེན་ནི་ང་ཚོའི་ངོས་ནས་བཤད་ན། དགའ་སྤྲོས་ཁེངས་ཤིང་དོན་སྙིང་གིས་ཕྱུག་པ་ཞིག་རེད། ཡོན་ཀྲང་ཨ་མ་ཚེ་རིང་སྐྱིད་ལགས་ཀྱིས་གཙོས་པའི་དགེ་རྒན་རྣམ་པའི་བྱམས་སྐྱོང་འོག་ང་ཚོ་གཅེན་གཅུང་ཚོར་རང་ཉིད་དགའ་བའི་གྱོན་གོས་གསར་པ་གྱོན་རྒྱུ་ཡོད་པ་མ་ཟད། སྤྲོ་སྣང་ལྡན་པའི་བྱེད་སྒོ་མང་པོ་སྤེལ་གྱི་ཡོད། བྱས་ཙང་ང་ཚོས་དགའ་སྐྱིད་ལྡན་པའི་ཉིན་མོ་དེ་སྔ་ཙམ་སླེབས་རྒྱུར་རེ་སྒུག་བྱེད་བཞིན་ཡོད།
སློབ་ཕྲུག་རྡོ་རྗེས། དྲུག་གཅིག་བྱིས་པའི་དུས་སྟོན་ནི་དོན་དངོས་ཐོག་ཁྱིམ་བདག་གི་སྦི་རག་དུས་སྟོན་རང་རེད་འདུག་པས། ང་ནི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་དགའ་པོ་མེད། གང་ཡིན་ཟེར་ན། དེའི་ཉིན་མོ་རྒྱུན་གཏན་དང་མི་འདྲ་བར་ཟ་འཐུང་ཧ་ཅང་མང་པོ་གྲ་སྒྲིག་བྱས་ཏེ་ཁྱིམ་བདག་སོ་སོའི་གྲོགས་པོ་དང་གྲོགས་མོ་མཉམ་དུ་དགའ་སྟོན་ལ་རོལ་གྱི་ཡོད། ལྷག་པར་དུ་ཕ་མ་གཉིས་ཀས་ཚོད་མེད་ཀྱིས་སྦི་རག་མཆོད་ཅིང་། ཚོད་མེད་ཀྱི་ཤོ་སྦག་བསྐྱོན་དུས་ཉིན་དེ་ནི་ཅི་འདྲའི་ཟང་ཟིང་ཆེ་བ་ཞིག་རེད་ཨང་། སྦི་རག་གི་དྲི་ངན་དང་ཤོ་སྦག་གི་སྒྲ་དེར་ང་སེམས་གཏིང་ནས་སུན་སྣང་སྐྱེ་ཡི་འདུག
སློབ་ཕྲུག་སྒྲོལ་དཀར་གྱིས། དྲུག་གཅིག་ནི་ང་ཚོ་ནང་མི་མཉམས་འཛོམས་ཀྱི་དུས་བཟང་ཉིན་མོ་ཞིག་ཡིན་པས་ངས་ཉིན་དེར་གཅེས་འཛིན་ཆེན་པོ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། ངའི་ཕ་མ་གཉིས་རྫོང་ཁག་ཁག་ཏུ་ལས་དོན་བསྒྲུབ་བཞིན་ཡོད། རྒྱུན་གཏན་ང་ཚོ་ནང་མི་གསུམ་ས་ཆ་མི་འདྲ་བ་ཁག་གསུམ་ལ་འཚོ་བ་སྐྱེལ་བཞིན་ཡོད་པས། ནང་མི་དྲན་པའི་སེམས་སྡུག་ཆེན་པོ་མྱོང་དགོས་ཀྱི་ཡོད། ཡིན་ནའང། དྲུག་གཅིག་དུས་ཆེན་ལ་ང་ཚོ་ནང་མི་མཉམ་དུ་ཞལ་ལག་མཆོད་པ་དང་། མཉམ་དུ་གླིང་ཁ་གཏོང་བ། མཉམ་དུ་རྩེད་མོར་རོལ་བ་སོགས་བྱེད་ཆོག་པས་ངས་སྣང་བ་སྐྱིད་པའི་ཉིན་མོ་དེ་མགྱོགས་ཙམ་སླེབས་ན་སྙམ་གྱི་འདུག
མདོར་ན། གོང་གི་སློབ་མའི་སེམས་ཁོངས་ནས་བརྡོལ་བའི་རང་སྒྲ་དེ་དག་ལས་ང་ཚོར་དྲན་སྐུལ་གྱི་ཅོང་བརྡ་ཞིག་བཏང་འདུག བྱིས་པའི་དུས་ཆེན་དང་བྱིས་པའི་སྤྲོ་སྣང་། བྱིས་པའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ནི་ཁྱིམ་ཚང་གི་དྲོ་སྐྱིད་དང་། ཁྱིམ་བདག་རྣམ་པའི་ཀུན་སྤྱོད་དང་དམ་དུ་སྦྲེལ་འདུག་པས། རྒྱ་ཆེའི་ཁྱིམ་བདག་རྣམ་པ་ཚོས་རང་གི་སྙིང་ནས་གཅེས་ཤིང་ཤ་ལས་བཅས་པའི་བུ་ཕྲུག་རྣམས་ལ་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བའི་སྨན་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་གནང་རྒྱུ་ནི་གནད་ཀྱི་དམ་པར་མཐོང་ངོ་། །