ངས་ཁྱོད་ལ་གཅར་མི་ཕོད་ལ།སྡིགས་ཅིང་མི་ཕོད།
བུ་མོ་ལགས།ངའི་འཚོ་བ་རོལ་སྟངས་ནི་བཟོད་སྒོམ་ཡིན་པས།
ང་ལ་དགའ་སྣང་ཡོད།
སེམས་པ་དང་བསམ་པ།དྲན་ཚུལ་དང་འདོད་ཚུལ།
གཅིག་མཚུངས་སུ་འགྲོ་བ་ནི་དཀའ་མོད་ཀྱང་།
བུ་མོ་ལགས།ངའི་འཚོ་བ་རོལ་སྟངས་ནི་ཆོག་ཤེས་ཡིན་པས།
ང་ལ་བདེ་སྐྱིད་ཡོད།
ཆོས་ལུགས་དང་གུས་བཀུར།དད་པ་དང་བརྩི་མཐོང་།
ལྟ་བ་ནི་གཅིག་མཐུན་དུ་འགྱུར་བ་དེ་དཀའ་ན་ཡང་།
བུ་མོ་ལགས།ངའི་འཚོ་བ་རོལ་སྟངས་དེ་དྲིན་འཇལ་ཡིན་པས།
ང་གཤིས་བཟང་ཞིག་ཡིན།
འདྲ་མཉམ་དང་དྲན་གཡོག འདུ་ཤེས་དང་ཚོར་བ།
ངའི་ཐམས་ཅད་བྲན་གཡོག་དུ་འགྱུར་མི་སྲིད་པས།
བུ་མོ་ལགས།ངའི་འཚོ་བ་རོལ་སྟངས་གཞུང་ལུགས་ལ་ཐུག་པས།
ང་ལ་སློབ་གསོ་ཡོད།
སྒོར་མོ་དང་ངོ་གདོང་།དབུལ་བོ་དང་དམའ་འབེབ།
དམིགས་ཡུལ་གཅིག་དུ་འགྱུར་བའི་འཛིན་སྟངས་འགལ་ན་ཡང་།
བུ་མོ་ལགས།ངའི་འཚོ་བ་རོལ་སྟངས་ནི་རང་ཚུགས་ཡིན་པས།
ང་ལ་སྤྲོ་སྣང་ཡོད།