ཁྱེད་རང་དྲན་པའི་གདུང་བ་འགོག་ཐབས་རང་མེད་པས། །
སྐྱོ་བའི་མིག་ཆུ་འདི་དག་ཟད་ཐབས་ཤིག་མི་འདུག །
དྲན་པའི་གདུང་དབྱངས་རིང་མོ་ཁྱེད་ཕྱོགས་སུ་གྱེར་ཡོད། །
མེ་ཏོག་སྣ་ཚོགས་བཞད་པའི་དབྱར་དུས་ཞིག་ལྷད་དུས། །
སྡེ་ཆེན་ནང་གི་ཕ་བུ་ལྷན་འཛོམས་ཞིག་བྱུང་སྟེ། །
སྐྱིད་པའི་གླུ་དང་དགའ་བའི་བྲོ་གར་ལ་རོལ་དུས། །
ཕ་ལོ་དྲན་པའི་གདུང་བ་ཇེ་ཆེ་རུ་སོང་ཐལ། །
ལོ་ཏོག་སྣ་ཚོགས་རྒྱས་པའི་ལྗོན་ཤིང་གི་རྩེ་ན། །
ཁུ་བྱུག་གཞོན་ནུའི་གསུང་སྐད་ལྷང་ལྷང་དུ་སྒྲོགས་ཀྱང་། །
རྒྱང་རིང་ཡུལ་ན་བཞུགས་པའི་དྲིན་ཆེན་གྱི་ཕ་ལོའི། །
གསུང་སྐད་རྣ་ལམ་མ་གོ་སེམས་པ་འདི་སྐྱོ་བ། །
ཤེས་རིག་མེ་ཏོག་བཀྲ་བའི་སློབ་གླིང་གི་དཀྱིལ་ན། །
སྣ་མང་ཤེས་བྱ་སློབ་པའི་སློབ་གྲོགས་ཤིག་ཡོད་ཀྱང་། །
དྲིན་ཆེན་ཕ་ལོ་དྲན་པའི་ན་ཟུག་འདི་བསམ་ན། །
སྐྱོ་བའི་མིག་ཆུ་རིང་མོ་ཆད་ཐབས་ཞིག་མི་འདུག །
ཞལ་རས་འཛུམ་དཀར་ལྡན་པའི་བློ་དཀར་གྱི་རྒན་པོ། །
ཁྱེད་ཉིད་དྲན་པ་དེ་རིང་གཅིག་པུ་ཞིག་མ་ཡིན། །
དྲན་པའི་ལོ་ཟླ་དག་གི་གྲངས་ག་ལ་བསམ་ན། །
མཁའ་ཡི་སྐར་ཚོགས་ལས་ཀྱང་འདི་ཉིད་ཀྱི་མང་བཞག །
བཀའ་དྲིན་ཟད་མཐའ་བྲལ་པའི་དྲིན་ཆེན་གྱི་ཕ་ལོ། །
བསླུ་མེད་དཀོན་ཅོག་རྣམ་གསུམ་དེ་གཙུག་ཏུ་བཀུར་ནས། །
ཕ་བུ་ལྷན་དུ་འཛོམས་པའི་གསོལ་བ་རེ་ཐོབས་དང་། །
མ་འོངས་གཡང་ཁྱིམ་དེ་རུ་ལྷན་འཛོམས་ཞིག་འབྱུང་སྲིད། །
ཆར་བ་ཤག་ཤག་འབབ་པའི་མཚན་གཞུང་གི་དུས་ལ། །
ང་རང་མལ་གྱི་ནང་ན་བདེ་མོ་རུ་གནས་ཀྱང་། །
ས་མཐའི་གྲོང་ན་གནས་པའི་ཕ་ལོ་ཁྱོད་དྲན་ཚེ། །
སྐྱོ་བའི་མིག་ཆུ་འདི་འང་མར་མུར་བཞུར་སོང་། །
གཤོག་རྩལ་ཤིན་ཏུ་རྒྱས་པའི་བྱ་རིགས་གྱི་ཚོམས་ན། །
དབུས་གཙང་ཡུལ་ན་ཕེབས་པའི་བྱ་ཕོ་ཞིག་ཨེ་ཡོད། །
ཡོད་ན་དེར་རུ་བཞུགས་པའི་དྲིན་ཆེན་གྱི་ཕ་ལ། །
དྲན་པའི་འཕྲིན་འདི་སྤྲད་པའི་བཀའ་དྲིན་ཞིག་སྐྱོངས་རོགས
་་་་་་་་་་་་་་་་་་་་་་་་་་་་་་་་࿐དུང་ཟླ་དཀར་པོ།