གསང་མདའ/
དོ་དགོང
སྐར་མདའ་རྒྱུ་བཞིན
ཟླ་འོད་རབ་ཏུ་འཚེར་ས་ནས
ཤང་ཤང་དུ་བཞུར་བའི་ཆུ་བོའི་གོམ་འགྲོས་ན
ངས་ཀྱང
རྐང་སྒྲུང་གི་བརྩེ་བ
དུངས་བའི་རྨ་ཁ་ལས་མཆེད་པའི་ཡིག་འབྲུ་དྭངས་མ་དག
དྲན་པའི་ཟིན་ཐོར་བཀོད་ནས
རང་དབང་གི་ལྷ་མོ
སྟོང་བསམ་དང་རེ་སྒུག་གི་བྲང་གཞུང་ནས
བསྐྱར་དུ་བཀླགས
གློ་བུར་དུ
དཔྱིད་རླུང་སིལ་སིལ་ལྡང་ནས
ལྷུག་པར་གྲོལ་བའི་མེ་ཏོག་གི་དྲི་བསུང་འཐུལ་དུས
ངས་ཡང
དྲི་མའི་བརྩེ་བ་ཟེར་བ་ཞིག
སྣ་ནས་སྙིང་ལ་ཕོག་ནས
དགའ་བ དུང་བ དྲན་པ
གང་གིས་ཀྱང་གླེང་མྱོང་བའི
ཆེས་སྤྱིར་བཏང་ཡིན་ལ
ཡང་ན་ཆེས་སྤྱིར་བཏང་མ་ཡིན་པའི
ངག་གི་འགྲོས་དེ་དག་སེམས་ནས་ཡང་ཡང་ཟློ་བ་ལས་ང་ལ་ཅི་ཡང་མེད
དེ་དུས
བརྩེ་བའི་བཅང་གྲོལ་མ་ཐོབ་པའི་རྣམ་ཤེས་ཞིག་དང་གཉིས་སུ་མེད/
ལྷག་བསམ་རྣམ་དག་གི
དགའ་དུང་དེ
རྨ་མེད་ན་ཟུག་གི་བྱེད་པོ་ཡིན་པ་ཞིག་ཡས་ནས་མ་དྲན