འཇིགས་མེད་མཁས་གྲུབ་བྱེ་བའི་རྒྱུ་སྐར་གྱི་དབུས་ན།།
བསྟན་པའི་འོད་སྣང་འཕྲོ་ལ་རྨད་བྱུང་མཐུ་གྲུབ་ཅིང་།།
ཉི་མའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་སེམས་དཔའ་ཁྱེད།།
ནག་ཕྱོགས་སྨག་རུམ་གཞོམ་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ།།
རླབས་ཆེན་ཚོགས་གཉིས་རྫོགས་པའི་རབ་བརྗིད་མཚན་དཔེའི་སྐུ།།
གདུལ་བྱའི་བློ་ལ་འཚམ་པའི་ཚངས་དབྱངས་དྲུག་ཅུའི་གསུང་།།
གནས་ལུགས་ཕྲ་རགས་ཐོགས་མེད་ཇི་བཞིན་མཁྱེན་པའི་ཐུགས།།
རྗེ་བཙུན་བླ་མའི་ཡོན་ཏན་དྲན་པས་སྙིང་ནས་འདུད།།
རིན་ཐང་བྲལ་བའི་གསེར་དངུལ་ནོར་བུ་དཔག་མེད་ཅིང་།།
ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་མ་མཆིས་ཀྱང་།།
བདག་སོགས་རྣམ་དཀར་ལས་ཀྱིས་འབྲས་བུ་གང་བསགས་པ།།
སེམས་ཀྱི་དད་པའི་མཆོད་སྤྲིན་ཕུལ་བར་དགྱེས་པར་མཛོད།།
ལེ་ལོར་གོམས་པས་ཐོས་བསམ་སྒོམ་ལ་འཇུག་དཀའ་ཞིང་།།
ཤིན་ཏུ་རྨོངས་པས་བསླབ་གསུམ་ཉམས་ལེན་བྲལ་བ་སོགས།།
ཐོགས་མེད་དུས་ནས་སྒོ་གསུམ་ཉེས་ཚོགས་ཅི་བསགས་པ།།
རྗེ་བཙུན་བླ་མའི་སྤྱན་སྔར་སྙིང་ནས་འགྱོད་ཅིང་བཤགས།།
གངས་རིའི་མགོན་པོའི་ཐུགས་འདུན་ཇི་བཞིན་ལྷོད་མེད་ཀྱིས།།
དཀའ་སྤྱད་དུ་མས་དཀྱུས་མའི་འཚོ་བ་ལྷུར་བཞེས་ཏེ།།
གངས་ལྗོངས་བསྟན་སྲིད་སྤྱི་དང་ལྷག་པར་ཆོས་སྡེ་འདི།།
ལུགས་གཉིས་དྲིན་གྱིས་སྐྱོང་བར་ནམ་ཡང་ཡི་རང་ངོ་།།
འགྲོ་བའི་དོན་ལ་རབ་ཏུ་བརྩོན་པའི་ཁུར་ཆེན་ཁྱེར་བ་དང་།།
དཔག་མེད་བསྐལ་པར་གཞན་དབང་གྱུར་པའི་ཐབས་མཁས་ཐུགས་རྗེ་ཡིས།།
ལུས་ཅན་གདུང་བ་སེལ་ལ་སྨན་མཆོག་གསུང་གི་བདུད་རྩིའི་རྒྱུན།།
གང་གཱའི་ཀླུང་གི་ཆུ་བོའི་རྒྱུན་བཞིན་ཆད་མེད་དབབ་ཏུ་གསོལ།།
སྙན་འཇེབས་སྡེབ་སྦྱོར་ལེགས་པར་བདག་ལ་མེད་མོད་ཀྱང་།།
མ་བཅོས་དད་སེམས་རླུང་གིས་དབང་མེད་རབ་བསྐུལ་ཏེ།།
བླ་མའི་ཡོན་ཏན་ཆ་ཙམ་བརྗོད་པའི་དགེ་བ་འདིས།།
དཔལ་ལྡན་བླ་མའི་རྗེས་སུ་འཛིན་པའི་རྒྱུ་རུ་བསྔོ།།
༧སྐུ་ཡི་འཁྲུངས་སྐར་ཉིན་མི་མགར་ཧེ་རུ་ཀ་ནས་བྲིས།