ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་བཙན་པོའི་དུས་ཀྱི་གྲོང་ཁྱེར་ཞིག་ཡིན་པ་ལ། ད་ལྟའང་བོད་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པ་རེད། ལྷ་ས་ཞེས་པ་ནི་ཐོག་མར་སྤྲུལ་པའི་ར་ཡིས་ས་དབོར་ཏེ་འོ་མཚོ་བསུབས་པས་ར་ས་ཞེས་པའི་མིང་ནས་རིམ་བཞིན་ལྷ་ས་ཞེས་པར་འགྱུར་བའམ། སངས་རྒྱས་དངོས་ཀྱིས་རབ་གནས་མཛད་པའི་ལྷ་སྐུ་ཇོ་ཤཱག་རྣམ་གཉིས་གནས་འདིར་བཞུགས་པས་ལྷ་ས་ཞེས་པའི་མིང་ཐོགས་ཞེས་གསུང་སྲོལ་མི་འདྲ་བ་ཡོད། ད་ལྟ་གྲོང་ཁྱེར་འདིའི་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ནི། སྤྱི་ལེ་ངོས་སྙོམས29,518ལྷག་ཙམ་དང་། མི་འབོར་ཁྲི55.94ལྷག་ཙམ། རྒྱ་མཚོའི་ངོས་ལས་སྤྱི་ཁྲི3658ཙམ་གྱིས་མཐོ་བའི་ས་བབས་མཐོ་ཤོས་ཡིན་སྟབས་འཛམ་གླིང་ཐོག་ས་བབས་མཐོ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་ཞེས་ཟེར། གྲོང་ཁྱེར་འདིར་ཕེབས་དགོས་ན་བར་ཁམས་ཆབ་མདོ་གྲོང་རྡལ་ནས་སྤྱི་ལེ1062ཙམ་དང་ལྷོ་ཁ་རྩེ་གྲོང་རྡལ་ནས་སྤྱི་ལེ191ཙམ། གཙང་གཞིས་རྩེ་གྲོང་རྡལ་ནས་སྤྱི་ལེ280ཙམ་སྟོད་མངའ་རིས་སེང་གེ་ཁ་བབས་གྲོང་རྡལ་ནས་སྤྱི་ལེ1700ཙམ། བྱང་ནག་ཆུ་གྲོང་རྡལ་ནས་སྤྱི་ལེ326ཙམ། ཀོང་པོ་ཉི་ཁྲི་གྲོང་རྡལ་ནས་སྤྱི་ལེ464ཙམ། སྒོར་མོ་མེ་འཁོར་བབས་ཚུགས་ནས་སྤྱི་ལེ1165ཙམ། སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནས་སྤྱི་ལེ2415ཙམ་བཅས་སོ་སོ་ནས་ལམ་ཐག་དེ་ལྟ་བུ་ཕེབས་ན་གནའ་བོའི་གྲོང་ཁྱེར་འདིར་འབྱོར་གྱི་རེད།
2ལྷ་སའི་མིང་དོན།
འདི་ལ་ཇོ་བོ་ཨ་ཏི་ཤའི་རྣམ་ཐར་ནང་ཆོས་འཁོར་དཔལ་གྱི་ལྷ་ས་ཞེས་འཁོད་པ་ལྟར་ན་ཇོ་བོ་རྗེ་བོད་དུ་བྱོན་པའི་དུས་སུ་ཡང་ལྷ་ས་ཞེས་པའི་མིང་ཡོད་མུས་ཡིན་པ་མཐོང་ཐུབ། འོན་ཀྱང་བཙན་པོའི་དུས་སུ་ར་ས་ཞེས་འབོད་པ་མང་ཞིང་ལྷ་ས་གཙུག་ལག་ཁང་མདུན་གྱི་དབོན་ཞང་རྡོ་རིང་གི་ངོས་ཤར་མའི་མཇུག་ཏུ། ལྷ་སའི་ཤར་ཕྱོགས་སྦྲ་སྟོད་ཚལ་ཞེས་འཁོད་པ་དེས་རྒྱལ་བོ་ཁྲི་རལ་བ་ཅན་གྱི་དུས་སུ་ལྷ་ས་ཞེས་ཀྱང་འབོད་སྲོལ་བྱུང་འདུག་པས། མིང་གི་འགྱུར་བ་དེ་འདྲ་ག་དུས་བྱུང་བ་དང་། དེའི་རྒྱུ་མཚན་གང་ཡིན་པ་བཅས་ཞིབ་འཇུག་བྱ་དགོས།