ལྔ་བ་ལས་རྒྱུ་འབྲས་བསྟན་པ་ལ།
༧ སྲོག་གི་གཉེན་པོ་བཙན་དུག་དེ། །
ངོ་ཤེས་པ་ཡི་མི་དེས་འཛེམ། །
སྡིག་བྱས་དེ་ཡི་སྐྱོན་ཤེས་ན། །
ཕྲ་ཞིང་ཕྲ་བ་དག་ལ་འཛེམ། །
ཞེས་པས་ནི། སྲོག་གི་གཉེན་པོའམ་སྲོག་གཅོད་པར་བྱེད་པའི་བཙན་དུག་དེ་ཉིད། གང་ཟག་སུ་ཞིག་གི་ངོ་ཤེས་ན་དེས་མི་ཟ་བར་བཙན་དུག་ལ་འཛེམ་པར་བྱེད་དོ།
དེ་བཞིན་དུ་ཚེ་རབས་ལ་བྱས་པའི་སྡིག་པ་དེ་དག་གི་སྐྱོན་ཤེས་ན་ཕྲ་ཞིང་ཕྲ་བ་ལ་ཡང་འཛེམ་དགོས་པ་ལས་བརྙས་མི་རུང་ངོ། དེ་ཡང་དགེ་བ་ཆུང་ངུ་ཡིན་ཀྱང་སྒུབ་དགོས་དེ་དབུས་ཀྱི་རི་རབ་ལྷུན་པོ་ཡང་རྡུལ་ཕྲ་རབ་མང་པོ་བསགས་པ་ལས་འདི་ལྟར་ཆེན་པོ་གྲུབ་པ་ཡིན།
སྡིག་པ་ཆུང་ངུ་ཡིན་ཀྱང་སྤོང་དགོས་དེ་མེ་སྟག་ཆུང་ཆུང་གི་ནགས་རི་ཆེན་པོ་ཚིགས་པའི་དཔེ་ལྟར་སྡིག་པ་ཆུང་ངུས་ཀྱང་དགེ་རྩ་མང་པོ་འཇོམས་པར་བྱེད་པའི་དེས་ན་བཙན་དུག་མཐོང་བ་བཞིན་དུ་དགེ་སྡིག་གི་ལས་ཕྲ་ཞིང་ཕྲ་བ་ལ་བླང་དོར་ཤིན་དུ་མཁས་པར་བྱའོ།
༧ ལྕགས་རྡོ་འཕྲད་ནས་སྤྲ་བའི་མེས། །
ནགས་ཚལ་ཆེན་པོ་སྲེག་པར་བྱེད། །
གཟུང་འཛིན་ཕྲད་པའི་སྦྱོར་བའི་སྡིག །
ཆུང་ཡང་ཆེན་པོའི་སྡུག་བསྔལ་བསྐྱེད། །
ཞེས་པས་ནི། ལྕགས་སམ་མེ་ཆ་དང་རྡོ་བདར་བ་ལས་སྤྲ་བ་ལ་མེ་ཟིན་པར་གྱུར་ཅིང་། དེ་ལྟར་ལྕགས་རྡོ་འཕྲད་པ་ལས་བྱུང་བའི་མེ་དེས་ནགས་ཚལ་དང་རི་བོ་ཆེན་པོ་ཐམས་ཅད་ཀྱང་སྲེག་པར་བྱེད་པ་ནང་བཞིན།
ཕྱི་གཟུང་བའི་ཡུལ་ལ་ནང་འཛིན་པ་སེམས་ཀྱི་འཕྲད་ཅིང་།
དེ་ལྟར་གཟུང་འཛིན་ལྷན་ཅིག་ཏུ་སྦྱོར་བའི་སྡིག་པ་དེ་ནི།
ཆུང་ཆུང་ཙམ་ལས་མ་བྱས་ཀྱང་འབྲས་བུ་སྡུག་བསྔལ་ཤིན་ཏུ་ཆེན་པོ་བསྐྱེད་པར་འགྱུར་བ་ཡིན་ནོ།
དེ་ཡང་གཟུང་འཛིན་ནི་སྡིག་པ་ཀུན་ཀྱི་གཞི་མ་ཡིན་དེ་དུག་གསུམ་དུག་ལྔ་ཚང་མ་གཟུང་འཛིན་དང་ང་འཛིན་ལ་བརྟེན་ནས་སྐྱེས་པ་ཁོ་ནར་ངེས་ཤིང་། བོན་དང་གང་ཟག་གི་བདག་འཛིན་གྱིས་རྨི་ལམ་ཚུན་ཆད་དུ་ཡང་སྡིག་པ་ཁོ་ན་གསོག་བཞིན་མཆིས་ཤིང་སྡིག་པ་ནི་རང་ཅག་ལས་ཆེ་བ་མེད་ན་དེ་ལ་གཉེན་པོ་བརྟེན་པ་ནི་གལ་ཤིན་ཏུ་ནས་ཀྱང་ཆེ་བ་ཡིན་ནོ།
༧ ཞིང་བཟང་དག་ལ་ནས་བཏབ་ན། །
འབྲས་བུ་སྲན་མ་འབྱུང་མི་སྲིད། །
སྡིག་སྤང་དགེ་བ་བཅུ་སྤྱད་ན། །
འབྲས་བུ་སྡུག་བསྔལ་འབྱུང་མི་སྲིད། །
ཞེས་པས་ནི། དེ་ཡིང་ཞིང་ས་གཤིན་པོ་ཞིག་ལ་ས་བོན་ནས་ཞིག་བཏབ་ནས་དེ་ལ་ཆུ་ལུས་སོགས་བདག་རྐྱེན་གང་ལེགས་བྱས་ན། འབྲས་བུ་ནས་མ་གཏོག་སྲན་མ་འབྱུང་མི་སྲིད་པ་དངོས་པོའི་གནས་ཚོད་ཀྱི་གྲུབ་པ་ཡིན་པ་ལྟར།
སྡིག་པ་མི་དགེ་བ་ཕྲ་ཞིང་ཕྲ་བ་ནས་སྤང་ཞིང་དགེ་བ་བཅུ་པོ་ཡང་དག་པར་སྤྱོད་ཅིང་བསྒྲུབ་ན།
འབྲས་བུ་སྡུག་བསྔལ་འབྱུང་བ་མི་སྲིད་པ་དང་མི་བསླུ་བ་ཡིན་ནོ། དཔེར་ན་ལས་འབྲས་ལ་བསླུ་བ་མེད་པ་སྤྲུལ་སྐུ་ཁྲོ་གཉེར་རྒྱལ་མཚན་གྱི་མ་དག་པའི་་སྐྱེ་ཚོགས་ལྟར་ཡིན་ལ། དེ་ཡང་ལས་འབྲས་ནི་ཚེ་སྟོད་བྱས་པ་ཚེ་སྨད་ནས་སྨིན་པ་དང་སྐྱེ་བ་སྔ་ཕྱིར་སྨིན་པ། བསྐལ་བ་ནས་བསྐལ་བར་མི་སྨིན་པ་སོགས་ཅི་རིག་ཞིག་ཡོད་པ་ཡིན་ལ་དེ་ཡང་རྐྱེན་བཞི་ལ་བརྟེན་ནས་སྨིན་པ་ཡིན་ནོ།
ད་ལྟ་རང་ཅག་གི་སྡོད་གནས་དང་ཡུལ་ལུང་གཉེན་ཉེ་ཐ་ན་ཟས་ཟ་སྣོད་ཀྱི་ཅ་ནེ་ཡང་རང་རང་གི་ལས་བཟང་ངན་ལ་ལྟོས་དེ་གྲུབ་ཀྱིན་ཡོད་པ་ཡིན། རྒྱུ་དང་རྐྱེན་ལ་མ་ལྟོས་པར་གྲུབ་པ་གཅིག་ཀྱང་མེད་ཅེས་སངས་རྒྱས་ཀྱི་གསུངས་པ་ཡིན། དེ་ཡང་རང་ཅག་ནི་ནང་པ་སངས་རྒྱས་པ་ཞིག་ཡིན་པས་ལས་འབྲས་ལ་ཡིད་ཆེས་པའི་སྒོ་ནས་དཀར་ནག་བླང་དོར་ལ་འབད་པ་གལ་ཆེའོ།
༧ དངུལ་དཀར་མེ་ལོང་ཤེལ་སྒོང་ལ། །
གཡའ་དང་དྲི་མ་མེད་བཞིན་དུ། །
བྱུང་ཆུབ་སེམས་ཀྱིས་ཟིན་པ་ཡི། །
དགེ་བ་སྤྱོད་ལ་དྲི་མ་མེད། །
ཞེས་པས་ནི། དངུལ་དཀར་ལས་གྲུབ་པའི་མེ་ལོང་ངམ་ཡང་ན་ཤེལ་གྱི་སྒོ་ང་ལ་གཡའ་དང་དྲི་མ་མེད་གཏན་ནས་མེད་པ་ནང་བཞིན་དུ། བྱུང་ཆུབ་སེམས་ཀྱིས་ཟིན་པའི་སྒོ་ནས་དགེ་བ་གང་ཞིག་བསྒྲུབ་ཀྱང་དེ་ཉིད་སྐྱོན་དང་དྲི་མ་མེད་པ་ཞིག་ཡོང་བ་ཡིན་ནོ།
དེ་ཡང་དགེ་བ་གང་ཞིག་སྤྱོད་ཀྱང་སྔོན་དངོས་རྗེས་གསུམ་ཚང་བ་གལ་ཤིན་ཏུ་ནས་ཆེ་བ་ཡིན། དེ་ལ་སྔོན་འགྲོ་ནི་སེམས་བསྐྱེད་པ་ཡིན་ཅིང་ཐོག་མར་ཚད་མེད་བཞི་ནས་མདོར་ན་ནམ་མཁའི་ཁྱབ་པའི་ཕ་མ་དྲིན་མོ་ཆེ་དེ་དག་གི་ཕྱིར་དུ་བོན་སྒྲུབ་པར་བྱའོ་སྙམ་དུ་སེམས་བསྐྱེད།
དངོས་གཞི་རབ་ན་དགེ་བ་ཆེ་ཕྲ་གང་ཞིག་ཡིན་ཀྱང་མི་དམིགས་ཤེས་རབ་ཀྱི་རྩིས་ཟིན་པར་བྱ་ཞིང་དེ་ལྟར་མ་ཐུབ་ཀྱང་ཐ་ན་ཁ་གཡེང་མིག་གཡེང་དང་ཆགས་སྡང་གི་དབང་དུ་མ་སོང་བར་བྱ། རྗེས་སུ་སྔོ་བ་ཡང་དག་བྱ་དགོས་པ་ཡིན་དེ། རང་དོན་དང་ཚེ་འདིས་གཏམ་སྙན་གྲགས་ཐོབ་གོ་ས་རྒྱུ་འབྱོར་བའི་ཆེད་དུ་ཡང་མ་ཡིན། ཚེ་ཕྱི་མ་ངན་སོག་གསུམ་གྱི་འཇིག་སྐྱོབས་ཙམ་ཡང་མ་ཡིན་པར།
མར་གྱུར་སེམས་ཅན་རྣམས་ཀྱི་བག་ཆགས་སྡིག་སྒྲིབ་ཐམས་ཅད་སྐད་ཅིག་ལ་དག་ནས་རྣམ་མཁྱེན་བླ་མེད་ཀྱི་གོ་འཕོང་མྱུར་དུ་ཐོབ་པའི་ཕྱིར་དུ་སྔོན་གྱི་རྒྱལ་སྲས་གཡུང་དྲུང་སེམས་དཔའ་དག་གིས་བསྔོས་བ་ཅི་བཞིན་དུ་བདག་གིས་ཀྱང་བསྔོ་བར་བྱའོ་སྙམ་དུ་མི་དམིགས་པའི་རྒྱས་གདབ་པའོ། དེ་ལྟར་ལས་འབྲས་བསྒོམ་པའི་དགོས་པ་ནི། ནང་པ་སངས་རྒྱས་པའི་ཁྱུར་ཚུད་པ། དགེ་བ་བྱས་པ་ཡང་ཐར་པའི་ལམ་དུ་འགྲོ་བ། དཀོན་མཆོག་གི་ཐུགས་ཀྱི་འཛིན་པ་སོགས་ཡིན་ནོ། ཚེ་འདིར་ཡང་བྱ་བ་ལམ་འགྲོ་ཡོང་བ་དང་ཕྱི་མ་ཡང་རྣམ་མཁྱེན་བླ་ན་མེད་པའི་གོ་འཕང་རིན་པོ་ཆེ་ཐོབ་པར་འགྱུར་རོ།
གཞུང་དོན་ལྔ་བ་ལས་རྒྱུ་འབྲས་བསྟན་པའོ།