ཚིག ༧སྤྲུལ་རིན་པོ་ཆེ་འཇམ་དབྱངས་སྦྱིན་པ་རྒྱ་མཚོ།
༼ ༡༽རྒྱལ་ཀུན་གསང་གསུམ་གཅིག་འདུས་དྲིན་ཅན་གྱི་བླ་མ།།
མ་ལུས་སྐྱེ་དགུའི་མགོན་དང་བསིལ་ལྡན་གྱི་ལྗོངས་འདིར།།
འགྲོ་ཀུན་མོས་བློ་དང་འཚམས་བཤེས་གཉེན་སྐུར་སྣང་བ།།
རིགས་ལྡན་སྤྲུལ་བའི་རོལ་གར་སྙིང་དབུས་སུ་བཞུགས་ཤིག།
༼༢༽གང་དེའི་གསང་གསུམ་ཡོན་ཏན་ཆུ་གཏེར་གྱི་ངོགས་སུ།།
བདག་བློའི་དད་པས་བསླང་འདི་སྐྲ་རྩེ་ཡི་ཆུ་ཐིག།
འོན་ཀྱང་འགོག་ཐབས་བྲལ་བའི་དྭ་ཕྲུག་གི་དྲན་གདུང་།།
ཉམས་ཆུང་མཆི་མས་བརྣངས་བའི་གདུང་འབོད་འདི་གསན་ནམ།།
༼༣༽ཚོགས་སྨོན་ལས་འཕྲོ་འཛོམས་པའི་སྐལ་བཟང་གྱི་ཞིང་སར།།
ཞི་བསིལ་དམ་ཆོས་བདུད་རྩིའི་བགོ་སྐལ་ཏེ་འགྱེད་དུས།།
སྐལ་དམན་བདག་གི་སྐལ་བ་བཏང་རྙོམས་སུ་མ་བྱས།།
བཀའ་དྲིན་འཁོར་མེད་ཕ་ཅིག་བླ་མ་ཁྱེད་དྲན་ནོ།།
༼༤༽ལྷ་ལམ་ཡང་བོའི་ཁྲོད་ནས་ཆུ་འཛིན་གྱི་བཀོད་པ།།
རབ་བརྗིད་ས་འཛིན་ལྷུན་པོའི་ཕྲག་པ་རུ་ཤར་ཚེ།།
ཕ་གཅིག་རིག་ལྡན་སྐུ་ཡི་གཟི་བརྗིད་དེ་དྲན་ནས།།
ཉམས་ཆུང་དྭ་ཕྲུག་བདག་སེམས་དབང་མེད་དུ་སྐྱོ་བྱུང་།།
༼༥༽རབ་མཛེས་ནགས་ཀླུང་འཐུག་པོའི་འཁྲི་ཤིང་གི་རྩེ་མོར།།
རབ་རྙན་ཁུ་བྱུག་བུ་མོས་མགུར་གླུ་ཞིག་གྱེར་ཚེ།།
ཕ་ཅིག་རིག་ལྡན་བླ་མའི་ལེགས་བཤད་སོགས་དྲན་ནས།།
ཉམས་ཆུང་དྭ་ཕྲུག་བདག་སེམས་དབང་མེད་དུ་སྐྱོ་བྱུང་།།
༼༦༽རབས་དྭངས་ཡང་བའི་དཀྱིལ་འཁོར་ཀུན་ཁྱབ་ཀྱི་མཁའ་ལ།།
གློ་བུར་སྒྲིབ་བྱེད་མུན་པའི་སྤྲིན་ཚོགས་དང་བྲལ་ཚེ།།
རིག་ལྡན་བླ་མའི་ཡེ་ཤེས་གཟིགས་སྣང་སོགས་དྲན་ནས།།
ཉམས་ཆུང་དྭ་ཕྲུག་བདག་སེམས་དབང་མེད་དུ་སྐྱོ་བྱུང་།།
༼༧༽དཔྱིད་དཔལ་རྒྱལ་མོའི་བང་ཆེན་ཀུན་གསལ་གྱི་མཁའ་ལ།།
ལྔ་ལྡན་འཇའ་འོད་བཀོད་པས་བཀྲག་མདངས་ཞིག་ངོམས་ཚེ།།
ཕ་གཅིག་རིག་ལྡན་བླ་མའི་མཛད་འཕྲིན་སོགས་དྲན་ནས།།
ཉམས་ཆུང་དྭ་ཕྲུག་བདག་སེམས་དབང་མེད་དུ་སྐྱོ་བྱུང་།།
༼༨༽དེ་ལྟར་དྲན་པས་བླ་མ་ལྷར་བཅས་ཀྱི་བྱིན་རླབས།།
ཆུ་བརྒྱ་མཚོ་ལ་འབབས་བཞིན་བདག་རྒྱུད་ལ་ཞུགས་ཏེ།།
མ་ལུས་འགྲོ་ཀུན་འདྲེན་ལ་འགལ་རྐྱེན་དང་བྲལ་ཞིང་།།
བྲལ་སྨིན་ཡོན་ཏན་བྱེ་བའི་གཏེར་མཛོད་དུ་གྱུར་ཅིག།
ཅེས་རིགས་ལྡན་བླ་མ་རྗེས་སུ་དྲན་པའི་གདུང་འབོད་འདི་ཡང་སྤྲུལ་མིང་བ་འཇམ་དབྱངས་སྦྱིན་པ་རྒྱ་མཚོས་གུས་པས་སྦྱར་བ་དགེ་ལེགས་འཕེལ།།
阅