འཇིག་རྟེན་གྲགས་པས་གནས་ཚུལ་ཟབ་མོ་བཀབས།།
ཐ་སྙད་ཚད་མས་དོན་དམ་རིགས་པ་བསྒྲིབས།།
ཡོད་ཚད་བློ་ལ་ཞེན་པའི་སྣང་ཚུལ་གྱིས།།
གཉུག་ནས་རྨོངས་པའི་རྣམ་རྟོག་འཁོར་བ་བཞེངས།།
ཤེས་བྱའི་བུད་ཤིང་མ་ལུས་བསྲེགས་པ་ན།།
དྲི་མས་མ་གོས་རང་གཤིས་གསལ་ལྷང་ངེར།།
ཀུན་གྱི་གཞི་མ་གདོད་ནས་དག་པའི་ཆོས།།
གྲུབ་མཐས་མ་སླད་ལྟ་བ་ཟད་སར་འཁྱོལ།།
ཤོབ་ཀྱི་ཕུང་བོ་བརྒྱ་ཁྲི་བཞི་སྟོང་ཞེས།།
བརྗོད་པ་འདི་ཡང་དེང་གི་གསར་རྟོགས་མིན།།
ལུང་ལས་མ་བྱུང་རང་རིག་མཛུབ་སྟོན་པའི།།
འོད་གསལ་ཐེག་རྩེའི་སར་ནའང་དེ་ལྟར་སྨྲ།།
སྟོན་པའི་ནང་ན་ཐུབ་དབང་ཉི་མ་སྟེ།།
ཤཱཀྱ་མུ་ནེའི་ཁྱད་པར་འདི་ན་འཕགས།།
མཐའ་མར་རང་ཡང་བཀག་པའི་མཐའ་མ་རུ།།
སོ་སོ་རང་རིག་ཡེ་ཤེས་སོ་སོས་རིག།
སངས་རྒྱས་ཆོས་ལུགས་དད་རུང་མ་དད་རུང་།།
འཇིག་རྟེན་ཤེས་བྱ་བསླབ་རུང་མ་བསླབ་རུང་།།
མ་བཅོས་ཀ་ནས་དག་པའི་རང་གཤིས་ཤིག།
བྲི་གང་མེད་ལ་བཟང་ངན་མེད་པར་ཆགས།།
འདི་ཡང་རིག་གནས་གང་གིས་བསྐྱེད་པ་མིན།།
གྲུབ་མཐའ་གང་གི་གྲུབ་པའི་ཁྱད་ཆོས་མིན།།
དགེ་སྒྲུབ་སྡིག་སྤངས་ལས་འབྲས་ལག་རྗེས་མིན།།
རང་བྱུང་ལྷུན་གྱིས་གྲུབ་པའི་ཆོས་སུ་གོ།།
འདི་ག་ངེས་ན་བ་གླང་རྫི་ཡང་གྲོལ།།
མ་རྟོགས་གནས་ལྔའི་པཎ་ཆེན་དག་ཀྱང་འཁྲུལ།།
ཀུན་གྱི་རྒྱབ་ན་སྦས་པའི་གསང་བ་དེ།།
མ་བསམ་བར་ནས་ཀུན་ཀྱིས་མཐོང་གྱུར་ཅིག།
~~སྔར་འདྲིས་གྲོགས་མཆོད་འགའ་འཇིག་རྟེན་རིག་གནས་དང་མངོན་ཞེན་རིང་ལུགས་སོགས་དངོས་འཛིན་འཁྲུལ་འབྱམས་ཀྱི་ཕྱོགས་སུ་རྒྱུག་ཆེ་བས།ནང་སེམས་ཀྱི་གནས་ལུགས་ཟབ་མོའི་ལྟད་མོ་ལ་བལྟ་བའི་གོ་སྐབས་ཟད་དུ་དོགས་ནས་ཨོ་རྒྱན་སྨིན་གྲོལ་གླིང་བར་འབོད་པས་རྫོགས་ཆེན་ཆོས་སྐད་འགའ་ལྷག་བསམ་གཙང་མས་ཤར་ཕྱོགས་ཙི་ནའི་ཡུལ་ཆེན་པོ་ཧྲང་ཧེ་བྱ་བ་རུ་སྦྱར་བ་འདིས་ཀྱང་མ་བསམ་ས་ནས་འགྲོ་ལ་ཕན་གྱུར་ཅིག