རིག་པའི་གཤོག་ཟུང་།
སྤྲེལ་རྫོང་རྣམ་མཁྱེན།
མཆོག་གསུམ་རྒྱལ་བ་རྒྱལ་སྲས་ཚོགས་བཅས་ཀྱི།།
འཕྲིན་ལས་གཅིག་བསྡུས་བླ་མའི་ཚུལ་འཛིན་པ།།
རྒྱལ་བ་ཀུན་ལས་ལྷག་པའི་གཏེར་ཆེན་པོ།།
དཔལ་ལྡན་བླ་མར་འདུད་དོ་བརྩེ་བས་སྐྱོངས།།
མང་ཐོས་གནད་ལ་མཁས་པའི་ཉམས་ལེན་པ།།
མཁས་པའི་བརྟུལ་ཞུགས་མི་ངོམ་ཆོས་པ་བ།།
འཆད་རྩོད་རྩོམ་ལ་ཐོགས་མེད་མཁས་པ་བ།།
ཐུབ་བསྟན་མཛེས་པར་བྱེད་པའི་བཙུན་པ་བ།།
བསྟོད་བཀུར་སྙན་གྲགས་རིམ་པ་དགུར་སྦས་ཀྱང་།།
མ་ཁེབས་ཕྱོགས་བཞིར་ཀུན་ནས་མཁའ་ལ་ཁྱབ།།
བདེན་པའི་ཚུལ་ཁྲིམས་སྐྱོན་མེད་དྲི་ངད་ཀྱིས།།
མ་བོས་དད་ལྡན་རྐང་དྲུག་དབང་མེད་བཀུག།
ང་ཡི་བླ་མའི་གཞུང་ཆེན་དཔེ་ཀློག་གི།
ཐོས་བསམ་ཉམས་ལེན་ཕྱི་ནང་སྤྱོད་པ་དེ།།
རྣམ་མཁྱེན་རྒྱལ་བ་ཡིས་ཀྱང་མ་མཁྱེན་པས།།
འཇིག་རྟེན་བྱིས་པའི་བློ་ལ་ཇི་ལྟར་ཤོང་།།
སྔོན་ལས་བསགས་པའི་འབྲས་བུ་སྨིན་པ་དང་།།
བསླུ་མེད་རྟེན་འབྱུང་བདེན་པའི་ནུས་མཐུ་ཡིས།།
འདབ་སྟོང་དཔག་བསམ་ལྗོན་པའི་མདུན་ས་རུ།།
མ་བོས་རིག་པའི་ཁུ་བྱུག་ཁྱུ་གཅིག་འཛོམས།།
མ་སྨད་ཚུལ་ཁྲིམས་དཔག་བསམ་ལྗོན་པ་ལ།།
ལྔ་རིག་ཡལ་འདབ་མེ་ཏོག་སྣ་བརྒྱ་བཞད།།
དེ་ལས་སྙིང་རྗེ་རྐང་གཅིག་ལྷག་པར་མཛེས།།
བློ་གསལ་ཁུ་བྱུག་ཚོགས་རྣམས་བཅུད་ཀྱིས་མྱོས།།
ང་དང་མཉམ་དུ་འཕུར་བའི་ཁུ་བྱུག་ཚོགས།།
ལྷག་བསམ་བརྩེ་བ་སྟོང་གི་བསུ་མའི་ཁྲོད།།
རེ་ཞིག་འདིར་ཕེབས་འོ་ཇ་འཐུང་ཞོར་དུ།།
སྒྲ་འཛིན་དབང་བོ་ཅུང་ཙམ་ང་ལ་གཡོར།།
ཟླ་གཅིག་ལོ་གཅིག་ཡུན་དེ་མ་ཡིན་པར།།
ཉིན་དང་མཚན་ལ་མཉམ་དུ་གཞུང་ཆེན་གྱི།།
དཔེ་ཀློག་རྒྱ་མཚོ་ཧུབ་གྱིས་བཏུང་བ་དེ།།
དྲིན་ཆེན་བླ་མ་ཐབས་ལ་མཁས་པའི་འབྲས།།
ལོ་ཟླ་ཉིན་མཚན་ཁད་ཀྱིས་ཁད་ཀྱིས་སོང་།།
མི་ཚེའི་རིན་ཐང་དེ་དང་འགྲོག་ནས་ཡོད།།
ཁུ་བྱུག་ལུས་སྟོབས་རིག་པའི་རྒྱས་ན་མཛེས།།
དེ་ལ་གཤོག་ཟུང་ཐོགས་ན་ལྷག་པར་མཛེས།།
ཐོག་མར་གཞུང་ལ་དད་པའི་ཐོས་པས་ཞུགས།།
བར་དུ་རྒྱས་བསྡུས་འཚམ་པའི་ཤེས་རབ་ཀྱིས།།
རྒྱུན་དུ་བརྩོན་པ་ལུས་ཀྱི་གྲིབ་མ་བཞིན།།
དད་ཤེས་གཤོག་ཟུང་མི་འབྲལ་མདུན་དུ་སྐྱོད།།
ལུང་བསྟན་བརྙེས་པའི་ཀླུ་སྒྲུབ་ཐོགས་མེད་ཀྱི།།
དགོངས་དོན་གསལ་བྱེད་རྒྱལ་བ་ཙོང་ཁ་བའི།།
མདོ་སྔགས་ཟུང་འབྲེལ་རྒྱལ་བའི་བསྟན་པ་ཡི།།
སྙིང་བོ་ཐབས་ཤེས་གཤོག་ཟུང་འབྲེལ་ཏེ་འཕུར།།
ལུང་རིགས་གཤོག་ཟུང་ཐོགས་ནས་མཉམ་དུ་འཕུར།།
ལུས་སྟོབས་བརྩེ་སེམས་རྒྱས་ནས་མཉམ་དུ་སྐྱོད།།
ཞིང་འདིར་སླད་མེད་བསྟན་པ་མཉམ་གྱིས་སྐྱོང་།།
དཔག་བསམ་བཤེས་གཉེན་རེ་སྨོན་མྱུར་དུ་སྒྲུབ།།
སྙིགས་དུས་མི་ལ་ངན་རྟོག་རླུང་བུ་རྒོད།།
ཆོས་ལྡན་སྒྲུབ་པ་འགལ་རྐྱེན་དེ་བས་རྒོད།།
བླ་མ་ལྷ་དང་དབྱེར་མེད་དད་པས་སྒོམས།།
གཤོག་ཟུང་ཡོད་ཀྱང་རླུང་གི་ཉེན་ཁ་ཆེ།།
ཕྱི་ནང་འདུ་འཛིའི་རྣམ་རྟོག་དབེན་པ་དང་།།
ཐོས་བསམ་ཉམས་ལེན་ཁ་ཁར་མ་སོང་བར།།
སྔོན་བྱོན་བཀའ་གདམས་བླ་མའི་རྣམ་ཐར་དེ།།
རྗེས་འཇུག་གདུལ་བྱའི་ལམ་གྱི་ཉམས་ལེན་ཡིན།།
སྤྲིན་དཀར་གསེབ་ནས་རྒྱལ་ཁམས་ལྟ་བའི་དུས།།
དགུང་སྔོན་བྱ་བརྒྱའི་སྔོན་དུ་འགྲོ་བའི་དུས།།
རིག་པའི་གཤོག་ཟུང་འཕུར་རྩལ་ངོམ་པའི་དུས།།
དཔག་བསམ་བཤེས་གཉེན་མ་འབོར་ཁུ་བྱུག་ཚོ།།
གསེར་དང་དངུལ་གྱི་གཤོག་པ་ཡོད་ན་ཡང་།།
འཇིག་རྟེན་ཚེ་འདིར་སྐོར་བ་རྒྱག་པ་ལས།།
ཞིང་མཆོག་གཞན་དུ་འཕུར་བའི་རྩལ་མེད་པས།།
རིག་པའི་གཤོག་ཟུང་ཡོད་ན་དོན་དང་ལྡན།།
ལ་ལ་མིང་སྐམ་འཇུས་ཀྱང་དོན་གྱིས་སྟོང་།།
ཁ་ཅིག་ལུས་སྟོབས་རྒྱས་ཡང་གཤོག་ཟུང་ཆད།།
གཞན་དག་འུར་སྟོང་ཆེའང་བྲག་ཆ་བཞིན།།
དེ་དག་གཟུགས་བརྙན་ཤིང་གི་སེང་གེའོ།།
རྒྱ་ཆེན་མང་ཐོས་གངས་ཀྱི་སེང་གེ་ལ།།
ལུང་རིགས་མཆེ་སྡེར་རྣོ་བ་དོན་དང་ལྡན།།
དེ་དག་དང་བྲལ་རི་སྐྱེས་ཤ་བའི་ཚོགས།།
འཇིག་རྟེན་རྭ་བརྒྱད་ངོམས་པ་དོན་སྙིང་ཅི།།
ཉེར་གཅིག་དུས་རབས་ཤེས་བྱ་སྣ་མང་མཁོ།།
གཞན་དོན་སྒྲུབ་པའི་ཡན་ལག་དེ་ཡང་མཁོ།།
སྐྱ་མིན་སེར་མིན་ཚུལ་འཆལ་བསྟན་པའི་དགྲ།
ཡོན་ཏན་གཞི་རྟེན་ཚུལ་ཁྲིམས་གཅེས་པར་སྲུངས།།
ཕྱིར་དྲན་རྣམ་རྟོག་རེ་སྐུལ་ཁྲི་མ་འབུམ།།
མི་འཇིག་སེམས་ཀྱི་རི་མོར་བྲིས་ནས་ཡོད།།
ད་ནི་རིག་པའི་ཁུ་བྱུག་ཚོགས་རྣམས་ཀྱི།།
སྐུ་ལུས་བདེ་བར་བཞུཊ་དང་རྗེས་སུ་མཇལ།།
མདོ་སྨད་ཙོང་ཁ་རི་བོའི་ཉེ་འདབས་དང་།།
རྨ་ཆུ་དལ་གྱིས་བཞུར་བའི་པང་ཁུགས་ནས།།
བླ་མས་གཅེས་པར་བསྐྱངས་པའི་ཁུ་བྱུག་གི།
གསུང་སྙན་དུས་བཞི་ཀུན་ལ་འགག་པ་མེད།།
•རྣམ་མཁྱེན་སྤྲུལ་མིང་བས་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་བྲིས།